Friday, March 10, 2017

༄༅། །༧སྐྱབས་མགོན་༧གོང་མ་རཏྣ་བཛྲ་མཆོག་འཛམ་གླིང་བསྟན་པའི་མངའ་བདག་དཔལ་ལྡན་ས་སྐྱ་པའི་ལུགས་གཉིས་ཀྱི་ཁྲི་འཕང་མཐོན་པོར་མངའ་གསོལ་བའི་ཚེ་རྟེན་འབྱུང་གི་སླད་དུ་སྨོན་པ་རྫོགས་ལྡན་གཞོན་ནུའི་དགའ་སྟོན།

༡ གྲངས་མེད་གདུལ་བྱའི་ཁམས་དང་བསམ་པའི་ངོར། །
མཐུན་པར་འཇུག་པའི་བརྩེ་ཆེན་གློག་འོད་ཀྱིས། །
ཡང་དག་ལམ་བཟང་གསལ་བའི་བྱེད་པོ་མཆོག །
སྙིང་པོའི་མཚན་ཅན་གང་དེས་ཤིས་པ་སྒྲུབས། །

༢ དཔལ་ལྡན་འཁོན་གྱི་གདུང་རིགས་པདྨའི་ཚལ། །
མ་སྨད་མཁྱེན་བརྩེའི་འོད་ཀྱིས་རྒྱས་མཛད་པ། །
ཐུབ་བསྟན་ཉིན་མོར་བྱེད་པའི་དབང་ཕྱུག་ཆེ། །
རཏྣ་བཛྲ་འཆང་དབང་རྒྱལ་གྱུར་ཅིག། །

༣ དེང་དུས་གསང་གསུམ་རྡོ་རྗེའི་རང་བཞིན་ཆེ། །
ཕུལ་བྱུང་མཚན་དཔེའི་གཟི་བྱིན་མངོན་འབར་བས། །
བསྟན་འགྲོའི་སྣང་བ་སྐྱེད་པའི་ཆོ་ག་ཀུན། །
ཡོངས་སུ་རྫོགས་པའི་སྒོ་འཕར་གསར་དུ་དབྱེ། །

༤ རིགས་གསུམ་སྒྱུ་འཕྲུལ་བརྩེ་ཆེན་སྙིང་པོ་ནས། །
ས་ཆེན་རྣམ་པར་དགེ་བའི་རིང་ལུགས་ཀྱི། །
འཇིགས་མེད་སེང་ཁྲིར་མཛེས་པའི་སྐྱབས་གནས་ཀུན། །
གཅིག་ཏུ་རྫོགས་པའི་རྣམ་ཐར་ཁྱོད་ཀྱིས་བཞེས། །

༥ མཛད་པའི་དཀྱིལ་འཁོར་རེར་ཡང་ཕན་དང་བདེའི། །
ཕུན་ཚོགས་མ་ཚང་མེད་པའི་གོ་འབྱེད་པ། །
ཁྱོད་ཚུལ་ཀུན་ཏུ་བཟང་པོའི་འོད་རྣོན་གྱིས། །
མཁའ་དང་མཉམ་པར་བརྡལ་ལ་རྗེས་ཡི་རངས། །

༦ ཆེ་དགུའི་གཙུག་གིས་བཏུད་པའི་ཞབས་སེན་དམར། །
བདུད་བཞིའི་གཡུལ་ལས་རྒྱལ་བའི་ཁྲིར་བཀོད་པས། །
དེ་ཚེ་མཁའ་ཡང་བཻ་དཱུར་མདངས་འཛིན་ཏེ། །
སྙན་པའི་རྔ་ཆེན་བརྡུང་ལ་བརྩོན་པ་བཞིན། །

༧ ཚོགས་གཉིས་རྫོགས་ལྡན་སྤྲིན་བཟང་ལས་འོངས་པའི། །
ཟབ་རྒྱས་ལེགས་བཤད་ལྷ་ཡི་དུནྡུ་བྷིཿ། །
སྲིད་ཞིའི་ཁོང་ན་ལྡིར་བའི་སྒྲ་དབྱངས་ཀྱིས། །
འགྲོ་ཀུན་མ་རིག་གཉིད་ལས་སློང་གྱུར་ཅིག །

༨ རིས་མེད་རྒྱལ་བསྟན་མ་ལུས་མགོན་ཁྱོད་ཀྱིས། །
ཕྱག་གི་མཐིལ་དུ་ཉམས་པ་མེད་འཛིན་པའི། །
བཀའ་དྲིན་ཁུར་གྱིས་གངས་ཅན་ས་ཡི་ཁྱོན། །
གཅིག་ཏུ་ལྕི་བའི་སྐལ་བཟང་ཐོབ་གྱུར་ཅིག །

ཅེས་པ་འདིའང་ཀརྨ་པར་འབོད་པ། ཨོ་རྒྱན་ཕྲིན་ལས་རྡོ་རྗེས་རབ་གནས་མེ་བྱ་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གཅིག་ཆུ་གཉིས་འཕྲད་པའི་དུས་ཚེས་དགེ་བ། སྤྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༨ ཉིན་གནས་མཆོག་རྡོ་རྗེ་གདན་ནས་གུས་པས་ཕུལ།


Image may contain: 1 person

No comments:

Post a Comment